མཛད་པ། 10
10
ལེའུ་བཅུ་པ།
སྐུ་ཚབ་པེ་ཏྲོ་དིང་བརྒྱ་དཔོན་ཀོར་ནེ་ལིའུ་སྐོར།
1ཡང་དེ་རྒྱ་ཀེ་སར་ཡཱ་ཟེར་རི་རྒྱལ་ས་ལེ་ཀོར་ནེ་ལིའུ་ཟེར་མཁན་མི་ཞིག་འོད་དིག ཁོ་རང་ནི་དབྱི་ཏ་ལི་ཟེར་རི་དམག་མི་ཕྱོགས་ཁག་གི་བརྒྱ་དཔོན་ཞིག་ཡིན་དིག 2ཡང་ཁོ་རང་ནི་ཆོས་སེམས་ཟང་ཆེན་པོ་འོད་དི་མ་ཟད། ནང་མི་ཡེ་རེ་ཟང་དཀོན་མཆོག་ལེ་བསྙེན་བཀུར་བགྱིད་འོད་དི་དིང་། མི་ཀྱ་ལེ་ཟང་སྦྱིན་པ་མང་པོ་བཏང་སྟེ། དུས་རྒྱུན་དུ་དཀོན་མཆོག་ལེ་གསོལ་བ་སྨོན་ལམ་འདེབས་གྱོ་འོད་དིག 3ཡང་ཉིན་མ་ཞིག་ཉིན་མ་འཛའ་རའ་ཚོད་ལེ་ཁོ་ལེ་ཞལ་གཟིགས་གནང་སྟེ། དཀོན་མཆོག་གི་ཕོ་ཉ་ཞིག་མངོན་སུམ་དུ་ཕེབས་ཏེ། ཀོར་ནེ་ལིའུ་ཟིན་མིང་བོས་གནང་པི་ཐོས་ཕེན། 4ཁོ་རང་འཇུ་གུ་འཇིགས་ཏེ། ཁོས་ཕོ་ཉ་དེ་ལེ་ནན་ཏན་བྱས་ཏེ་བལྟས་པི་དིག དེ་ནས་ཁོས། ཇོ་བོ། གསུང་དང་ཟིན་ཞུས་ཕེན། ཕོ་ཉ་དེས་ཁོ་ལེ། ཁྱོད་ཀྱིས་བཏབ་པའི་གསོལ་བ་སྨོན་ལམ་དིང་སྦྱིན་པ་བཏང་པི་དེ་ཀྱ་ནི་དཀོན་མཆོག་གི་དྲུང་དུ་སླེབས་འདུག 5ད་ལྟ་ཁྱོད་ཀྱིས་ཡོ་ཕཱ་རྒྱལ་ས་ལེ་མི་ཁ་ཤས་བརྫངས་ཏེ། སི་མོན་པེ་ཏྲོ་ཟེར་མཁན་དེ་ཚུར་ཁྲིད་ལེད། 6ཁོ་རང་ད་ལྟ་རྒྱ་མཚོའི་འགྲམ་ལེ་ཀོ་བ་བཟོ་མཁན་སི་མོན་ཟེར་མཁན་གྱི་ཁྱིམ་ལེ་བསྡད་འོད་དིག་ཟིན་གསུངས་པི་རྗེས་ལེ། 7ཕོ་ཉ་དེ་ཕེབས་གནང་པི་དིག དེ་ནས་བརྒྱ་དཔོན་ཁོས་རང་གི་ཞབས་ཕྱི་ཀྱ་ནང་ནས་མི་གཉིས་དིང་། ཡང་དུས་རྟག་ཏུ་རང་གི་མདུན་ལེ་སྡོད་མཁན་དམག་མི་སྐུ་སྲུང་དད་སེམས་འོད་ཡོད་མི་ཞིག་ཤོག་སྨྲས་ཏེ། 8ཕོ་ཉས་ཅི་གསུངས་ཡེ་རེ་ཁོང་ཀྱ་ལེ་བཤད་དི་རྗེས་ལེ་ཡོ་ཕཱ་རྒྱལ་ས་ལེ་བརྫངས་པི་དིག
པེ་ཏྲོ་ལེ་ཞལ་གཟིགས་གནང་བའི་སྐོར།
9དེའི་སྔ་དྲོ་ཁོང་ཀྱ་ཡོ་ཕཱ་རྒྱལ་སའི་ཉེ་འགྲམ་ལེ་ཉིང་གུང་ཚོད་ལེ་སླེབས་པི་དིག དེ་རྒྱ་པེ་ཏྲོ་ཁོ་རང་དཀོན་མཆོག་ལེ་གསོལ་བ་སྨོན་ལམ་འདེབས་རྒྱུ་ཆེད་དུ་ཁང་ཐོག་ལེ་བུད་དི་དིག 10དེ་ནས་པེ་ཏྲོ་ལྟོགས་ཏེ་ཅིག་ཟ་འདོད་བྱུང་པི་མ་ཟད། ཁོ་རང་སྡོད་སའི་གནས་ཚང་གིས་ཟང་ཉོ་པ་བཟོ་རྒྱུ་གྲ་སྒྲིག་བགྱིད་རྒྱ། ཁོ་ལེ་དཀོན་མཆོག་གིས་ཞལ་གཟིགས་གནང་པི་དིག 11དཀོན་མཆོག་གི་ཞིང་ཁམས་ཁ་ཕྱེ་གནང་སྟེ་ཟུར་བཞི་ནས་བསྡམས་འོད་ཡོད་རས་ལེབ་འདྲ་པོ་གྲུ་བཞི་ཞིག་ནམ་མཁའ་ནས་མར་འཛར་འོང་གི་ཁོས་མཐོང་པི་དིག 12ཡང་རས་དེའི་ནང་ལེ་རྐང་ལག་བཞི་བཙུགས་ཏེ་འགྲོ་མཁན་སེམས་ཅན་དིང་། ལྟོ་འདྲུད་དེ་འགྲོ་མཁན་འབུ་སྲིན། ནམ་མཁའ་ལེ་འཕུར་མཁན་བྱ་རིགས་ཡེ་རེ་འོད་དིག 13དེ་ནས་གསུང་སྐད་ཞིག་གིས་པེ་ཏྲོ་ལེ། ཁྱོད་ཡར་ལོངས་དང་། འདི་ཀྱ་བསད་དེ་ཟོ་ཞིག་ཟེར་རི་ཐོས་ཕེན། 14པེ་ཏྲོས། ཇོ་བོ། ངས་དེ་གི་བགྱིད་རྒྱུ་མན། ཅི་ལེ་ཟེར་ནི། ཆོས་ཁྲིམས་ཅོག་འདྲ་ཟ་མི་ཆོག་པི་དིང་། མི་གཙང་བའི་ཟ་མ་དེ་ཀྱ་ངས་རྩ་བ་ནས་ཟ་མྱོང་མེད་ཟིན་ཞུས་པི་དིག 15ཡང་དང་གསུང་སྐད་དེས་པེ་ཏྲོ་ལེ། དཀོན་མཆོག་གིས་གཙང་མ་བཟོས་པའི་ཟས་རིགས་དེ་ཀྱ། ཁྱོད་ཀྱིས་གཙང་མ་མེད་མེད་ལེ་རྩི་མི་ཆོག་འོད་དིག་ཟིན་ཟེར་རི་ཐོས་པི་དིག 16འོ་དེ་གི་ལན་མ་གསུམ་གསུང་སྐད་ཐོས་པི་རྗེས་ལེ། རས་ལེབ་ཆེན་པོ་དེ་ཞིང་ཁམས་ལེ་བསྣམས་ཕེབས་པི་དིག
17དེ་ནས་པེ་ཏྲོས་ཞལ་གཟིགས་དེའི་དོན་དག་དེ་ཧ་གོ་ཕེན། ཅི་བགྱིད་འདི་བགྱིད་མེད་དི་དུས་ལེ། དེ་ལོང་མེད་ཀོར་ནེ་ལིའུ་ཁོས་བརྫངས་པི་མི་དེ་ཀྱ། ཀོ་བ་བཟོ་མཁན་སི་མོན་གྱི་ཁྱིམ་ལེ་འགྲོ་སའི་ལམ་ཀ་དེ་ག་ན་ཡིན་གོ་ཟིན་སྒོར་རྩ་ལེ་སླེབས་ཏེ། 18དེ་རུ་སི་མོན་པེ་ཏྲོ་ཟེར་མཁན་ཞིག་སྡོད་གྱོ་འོད་དིག་གས་ཟིན་འོ་རོ་བརྒྱབ་ཏེ་དྲིས་པི་དིག 19ཡང་པེ་ཏྲོས་ཞལ་གཟིགས་འདེའི་སྐོར་ལེ་བསམ་བློ་གཏོང་རྒྱ། དམ་པའི་ཐུགས་ཉིད་ཀྱིས་ཁོ་ལེ་ལྟོས་དང་། མི་གསུམ་གྱིས་ཁྱོད་རང་འཚོལ་གྱི་འདུག 20ཡར་ལོངས་དང་། ཐེ་ཚོམ་གཅིག་ཟང་མ་བགྱིད། མི་དེ་ཀྱ་ཀྱི་སྐྱེན་ལེ་རྒྱུགས་ཤིག ཅི་ལེ་ཟེར་ནི། མི་དེ་ཀྱ་ནི་ངས་བརྫངས་པའི་མི་ཡིན་དིག་ཟིན་གསུང་ལོང་མེད། 21པེ་ཏྲོ་ཁང་ཐོག་ནས་མར་བབས་ཏེ་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་འཚོལ་སའི་མི་དེ་ང་ཡིན། དོན་དག་ཅི་འོད་དོ་ཟིན་དྲིས་པི་དིག 22ཡང་མི་དེ་ཀྱ་ཀྱིས་པེ་ཏྲོ་ལེ། ཉེད་ཀྱ་ནི་དམག་མི་བརྒྱ་དཔོན་ཀོར་ནེ་ལིའུ་དྲུང་ནས་འོངས་པི་ཡིན། ཁོང་རང་ནི་མི་གཤིས་ཀ་དྲང་པོ་དིང་། དཀོན་མཆོག་ལེ་བསྙེན་བཀུར་བགྱིད་མཁན་ཞིག་ཡིན་དི་མ་ཟད། ཡ་ཧུ་དཱ་པའི་མི་རིགས་ཡེ་རེས་ཟང་ཁོང་ལེ་གུས་ཞབས་བགྱིད་འོད་དིག ཡང་དཀོན་མཆོག་གི་ཕོ་ཉ་དམ་པ་ཞིག་གིས་ཁོང་ལེ། ཁྱེད་ཀྱི་གསུང་ལེ་ཉན་རྒྱུ་ཆེད་དུ། ཁྱེད་ལེ་གདན་འདྲེན་ཞུས་དགོས་པའི་བཀའ་གནང་འདུག་ཟིན་སྨྲས་པི་དིག 23དེ་ནས་པེ་ཏྲོས་མི་དེ་ཀྱ་ནང་ལེ་ཤོག་སྨྲས་ཏེ། དགོང་མོ་ཞིག་སྐྱེན་ལེ་བསྡད་དེ། དེའི་སྔ་དྲོ་པེ་ཏྲོ་ཁོ་ཟང་མི་དེ་ཀྱ་ཀྱི་སྐྱེན་ལེ་བུད་དི་དིག དེ་ནས་ཡོ་ཕཱ་རྒྱལ་སའི་ཆོས་གྲོགས་ཁ་ཤས་ཟང་པེ་ཏྲོ་དིང་སྐྱེན་ལེ་ཀེ་སར་ཡཱ་རྒྱལ་ས་ལེ་བུད་དི་དིག
པེ་ཏྲོ་དམག་མི་བརྒྱ་དཔོན་ཀོར་ནེ་ལིའུ་ཁྱིམ་ལེ་འགྲོ་བ།
24ཡང་དེའི་གནངས་ཉིན་ཁོང་ཀྱ་ཀེ་སར་ཡཱ་རྒྱལ་ས་ལེ་སླེབས་ཕེན། ཀོར་ནེ་ལིའུ་ཁོས་རང་གི་ཁྱིམ་ལེ་གཉེན་ཚན་དིང་། རང་གི་རོགས་པོ་ཉེ་ཤོས་ཀྱ་ཤོག་སྨྲས་ཏེ་ཡེ་རེ་དེ་རུ་འཛོམས་ཏེ་བསྒུག་བསྡད་འོད་དིག 25དེ་ནས་པེ་ཏྲོ་སླེབས་ལོང་མེད། ཀོར་ནེ་ལིའུ་ཁོས་པེ་ཏྲོ་ལེ་གདན་འདྲེན་ཞུས་པི་དིང་། ཁོའི་མདུན་དུ་པུས་མོ་ས་ལེ་བཙུགས་ཏེ་ཕྱག་འཚལ་ལི་དིག 26ཡིན་ནའང་། པེ་ཏྲོས་ཁོ་ལེ་ཡར་སྐྱོར་ཏེ། ལོངས་དང་། ང་རང་ཟང་ཁྱེད་དིང་ཅོག་འདྲ་མི་ཞིག་ཡིན་སྨྲས་ཏེ། 27ཁོང་དིང་སྐྱེན་ལེ་གཏམ་གླེང་བྱས་ཏེ་ཁྱིམ་ནང་ལེ་བུད་དི་མ་ཟད། དེ་རུ་མི་མང་པོ་འཛོམས་འོད་དི་པེ་ཏྲོས་མཐོང་པི་དིག 28ཡང་པེ་ཏྲོས་མི་དེ་ཀྱ་ལེ། ཡ་ཧུ་དཱ་པའི་ཆོས་ཁྲིམས་ཅོག་འདྲ་བྱས་ནི། ཡ་ཧུ་དཱ་པའི་མི་ཞིག་གིས་ཡ་ཧུ་དཱ་པ་མན་པའི་མི་ཞིག་གི་སྐྱེན་ལེ་ཐུག་འཕྲད་བགྱིད་རྒྱུ་དིང་། ཁྱིམ་ལེ་ཟང་འགྲོ་མི་ཆོག་འོད་དི་ནི། ཁྱེད་ཀྱ་ཀྱིས་ཧ་གོ་གོ་བར་ཡིན་དིག ཡིན་ནའང་། དཀོན་མཆོག་གིས་ང་ལེ། ངས་མི་སུ་ཞིག་ལེ་ཡིན་ནའང་། དེ་ཀྱ་ཀྱི་སྐྱེན་ལེ་འགྲོ་ཆོག་གྱོ་འོད་དི་མ་ཟད། མི་རིགས་གཙང་དིང་མི་གཙང་བ་རྩི་མི་ཆོག་འོད་དེ་བསྟན་གང་བྱུང་། 29འོ་དེ་ལེ་བརྟེན་ཏེ། ངས་རང་ཐེ་ཚོམ་མེད་དི་ངང་ནས་ཤོག་སྨྲས་པི་དེ་ལེ་འོངས་པི་ཡིན། ཁྱེད་ཀྱིས་ང་སྐད་གཏོང་དགོས་པའི་དོན་ཅི་ཡིན་ཆེའོ་ཟིན་དྲིས་ཕེན། 30ཀོར་ནེ་ལིའུ་ཁོས་པེ་ཏྲོ་ལེ། ཉིན་མ་བཞིའི་སྔོན་གྱི་དུས་འདི་རང་ལེ་དགོང་མོ་ཆུ་ཚོད་གསུམ་པ་ཚོད། ང་ཁྱིམ་ལེ་གསོལ་བ་སྨོན་ལམ་འདེབས་རྒྱ། དེ་ལོང་མེད། འོད་ཟེར་ཆེན་པོ་འོད་ཡོད་གོས་དཀར་པོ་གྱོན་པའི་མི་ཞིག་ངའི་མདུན་དུ་སླེབས་ཏེ། 31ང་ལེ་ཀོར་ནེ་ལིའུ། དཀོན་མཆོག་གིས་ཁྱོད་ཀྱིས་གསོལ་བ་སྨོན་ལམ་བཏབ་པི་དེ་གསན་གནང་པི་མ་ཟད། ཁྱོད་ཀྱིས་སྦྱིན་པ་བཏང་པི་དེ་ལེ་ཟང་ཁོང་གི་ཐུགས་ལེ་དྲན་པ་བྱས་འོད་དིག 32ད་ཁྱོད་ཀྱིས་ཡོ་ཕཱ་རྒྱལ་ས་ལེ་མི་བརྫངས་ཏེ། པེ་ཏྲོ་ཡང་ནི། སི་མོན་ཟེར་མཁན་ཁོ་འདི་རུ་གདན་དྲོངས་ཤིག ཁོ་ད་ལྟ་རྒྱ་མཚོའི་འགྲམ་ལེ་སྡོད་མཁན་ཀོ་བ་བཟོ་བ་སི་མོན་གྱི་ཁྱིམ་ལེ་བསྡད་འོད་དིག་ཟིན་གསུངས་བྱུང་། 33དེ་ནས་ངས་གང་མགྱོགས་བྱས་ཏེ་ཁྱེད་འོད་ས་ལེ་མི་བརྫངས་ཏེ་སྐད་བཏང་པི་ཡིན། ཁྱེད་རང་འདི་རུ་ཕེབས་པི་དེ་ལེ་དགའ་མོ་བྱུང་། ད་ཇོ་བོས་ཁྱེད་ལེ་གནང་བའི་བཀའ་ཡེ་རེ་ལེ་ཉན་རྒྱུ་ཆེད་དུ། ཉེད་ཡེ་རེ་དཀོན་མཆོག་གི་དྲུང་དུ་འཛོམས་འོད་ཟིན་སྨྲས་པི་དིག
པེ་ཏྲོས་ཆོས་བཤད་པ།
34དེ་ནས་པེ་ཏྲོས་དཀོན་མཆོག་གིས་མི་ལེ་ཕྱོགས་རིགས་མཛད་མི་གནང་འོད་དི་ནི། ད་ལྟ་ངས་ངོ་ཐོག་ཧ་གོ་བྱུང་། 35མ་གཞི་མི་རིགས་སོ་སོའི་ནང་ནས་དཀོན་མཆོག་གི་དྲུང་དུ། གུས་ཞབས་ངང་ནས་ཡ་རབས་སྤྱོད་བཟང་གི་ལས་བགྱིད་མཁན་ཀྱ་ལེ། ཁོང་གིས་ཐུགས་མཉེས་པོ་གནང་གྱོ་འོད་དིག 36ཁོང་དིང་སྐྱེན་ལེ་འོད་ཡོད་ཞི་བདེའི་གཏམ་བཟང་དེ་སྐྱབས་མགོན་ཡེ་ཤུ་བརྒྱུད་ནས་དཀོན་མཆོག་གིས་ཡི་སི་ར་ཨེལ་པའི་མི་ཀྱ་ལེ་གནང་འོད་ཕེན། སྐྱབས་མགོན་ཡེ་ཤུ་ཁོང་རང་ནི་མི་ཀྱ་ཀྱི་ཇོ་བོ་དེ་ཡིན་དིག 37ཡང་ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གྱིས་ཆོས་བཤད་དེ་རྗེས་ལེ། ག་ལིལ་ལུང་པ་ནས་ཡ་ཧུ་དཱའི་ལུང་པ་ཀུན་ལེ་ཁྱབ་པའི་དོན་ཆེན་པོ་དེ་ནི། ཁྱེད་ཀྱ་ཀྱིས་ཟང་ཧ་གོ་འོད་ཕེན། 38ནཱ་ཙ་རེལ་ཡུལ་གྱི་ཡེ་ཤུ་ཟེར་མཁན་དེ་ལེ། དཀོན་མཆོག་གིས་དམ་པའི་ཐུགས་ཉིད་དིང་ནུས་མཐུ་གནང་པི་མ་ཟད། དཀོན་མཆོག་ཁོང་རང་ཟང་ཡེ་ཤུའི་སྐྱེན་ལེ་བཞུགས་འོད་ཕེན། ཁོང་ཡུལ་ཕྱོགས་ཀུན་ལེ་ཕེབས་ཏེ་དོན་བཟང་པོ་མཛད་གནང་པི་དིང་། བདུད་ཀྱི་རྒྱལ་པོའི་དབང་འོག་ལེ་གནོན་འོད་ཡོད་མི་ཀྱ་ཟང་བསྐྱབས་གནང་པི་དིག 39ཉེད་ཀྱ་ནི་ཡེ་ཤུས་ཡ་ཧུ་དཱ་ལུང་པ་དིང་ཡེ་རུ་ས་གླིང་རྒྱལ་ས་ལེ་མཛད་པའི་དོན་ཡེ་རེ་ལེ་དཔང་པོ་བགྱིད་མཁན་ཡིན་དིག དེ་རྒྱ་མི་དེ་ཀྱ་ཀྱིས་ཁོང་གདུང་མ་ཀུ་རུ་ཁ་ལེ་བཀྲོངས་པི་དིག 40ཡིན་ནའང་། ཉིན་གསུམ་པ་ལེ་དཀོན་མཆོག་གིས་ཁོང་གཤིན་པོ་ནས་ཡང་དང་གསོན་པོ་བསླངས་ཏེ། ཁོང་གི་སྐུ་གཟུགས་མངོན་སུམ་དུ་བསྟན་གནང་པི་དིག 41ཡིན་ནའང་། མི་ཡེ་རེ་ལེ་མངོན་སུམ་དུ་བསྟན་གནང་མེད་དིག སྔོན་མ་ནས་དཀོན་མཆོག་གིས་མཛད་གནང་བའི་དོན་དེ་ལེ་དཔང་པོ་བགྱིད་མཁན་ལེ་བདམས་པ་ཉེད་ཀྱ་ལེ་མངོན་སུམ་དུ་བསྟན་པི་མ་ཟད། ཁོང་འཆི་བ་ནས་ཡང་དང་གསོན་པའི་རྗེས་ལེ། ཁོང་དིང་སྐྱེན་ལེ་བཟའ་འཐུང་བགྱིད་མཁན་ཉེད་ཀྱ་ཀྱིས་ཟང་མཐོང་བྱུང་། 42ཡང་ཁོང་གིས་ཉེད་ཀྱ་ལེ་གཏམ་བཟང་དེ་མི་ཀུན་ལེ་ཤོད་དགོས་པི་དིང་། ཁོང་རང་ནི་དཀོན་མཆོག་གིས་ཤི་གསོན་གཉིས་ཀྱི་ཁྲིམས་དཔོན་ལེ་བསྐོས་གནང་པི་ཡིན་དི་བདེན་དཔང་བགྱིད་དགོས་པའི་བཀའ་གནང་བྱུང་། 43ཡང་དེ་མ་ཟད་སྔོན་མའི་ལུང་སྟོན་པ་ཀྱ་ཀྱིས་ཟང་སྐྱབས་མགོན་ཁོང་ལེ་མི་སུས་དད་པ་བྱས་ནི། མི་དེ་ཡེ་རེ་ཁོང་གི་མཚན་བརྒྱུད་ནས་སྡིག་སེལ་ཐོབ་ཀྱི་དིག་ཟིན་དཔང་པོ་བྱས་འོད་དིག་ཟིན་སྨྲས་པི་དིག
ཕྱི་མི་ཀྱ་ལེ་དམ་པའི་ཐུགས་ཉིད་ཐོབ་པ།
44ཡང་པེ་ཏྲོས་མུ་མཐུད་དེ་ཆོས་ཤོད་རྒྱ། ཆོས་ལེ་ཉན་མཁན་མི་ཡེ་རེ་ལེ་དམ་པའི་ཐུགས་ཉིད་ཁྱབ་པི་དིག 45དེ་ནས་པེ་ཏྲོའི་སྐྱེན་ལེ་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་བརྒྱབ་འོད་ཡོད་དད་པ་བགྱིད་མཁན་མི་དེ་ཀྱ་ཀྱིས་ཕྱིའི་མི་ཀྱ་ལེ་ཟང་། དཀོན་མཆོག་གིས་དམ་པའི་ཐུགས་ཉིད་གནང་པི་མཐོང་སྟེ་ཧ་ལས་པི་དིག 46ཅི་ལེ་ཟེར་ནི། དམ་པའི་ཐུགས་ཉིད་ཐོབ་མཁན་ཀྱ་ཀྱིས་སྐད་ལུགས་གཞན་གྱི་སྐད་ནང་ལེ་དཀོན་མཆོག་ལེ་བསྟོད་པ་འབུལ་ལི་ཐོས་པི་དིག 47དེ་ནས་པེ་ཏྲོས་མི་དེ་ཀྱ་ལེ་ཟང་། ད་ཉེད་ཀྱ་དིང་ཅོག་འདྲ་དམ་པའི་ཐུགས་ཉིད་ཐོབ་ཕེན། མི་དེ་ཀྱ་ལེ་ཁྲུས་གསོལ་བགྱིད་རྒྱུ་ལེ་མི་སུ་ཞིག་གིས་འགེག་ནུས་རྒྱུ་ཟེར་རི་དིང་། 48སྐྱབས་མགོན་ཡེ་ཤུའི་མཚན་ནང་ལེ་ཁྲུས་གསོལ་གྱིས་ཤིག་ཟིན་མི་དེ་ཀྱ་ལེ་བཀའ་གནང་པི་དིག ཡང་ཁྲུས་གསོལ་ལེན་མཁན་མི་དེ་ཀྱ་ཀྱིས་ཟང་པེ་ཏྲོ་ལེ། ཁྱེད་རང་འདི་རུ་ཉིན་ཁ་ཤས་ཤིག་བཞུགས་རོགས་གནང་ཟིན་ཞུ་བ་འབུལ་གྱོ་འོད་དིག །
Currently Selected:
མཛད་པ། 10: DLPO
Highlight
Share
Copy

Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.