བཀོད་པ། 7

7
ལེའུ་བདུན༌པ།
ཆུ་ལོག་ཆེན་པོ་བྱུང༌བ།
1དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་ནོ་ཨ་ལ་འདི་སྐད༌དུ། ཁྱོད་དང་ཁྱོད་ཀྱི་ཁྱིམ་མི་ཐམས་ཅད་གྲུ་གཟིངས་ནང་དུ་སོང༌ཞིག རྒྱུ་མཚན་ནི་བདག་གིས་དུས་རབས་འདིར་ཁྱོད་ཁོ་ན་བདག་གི་དྲུང་དུ་མི་གཞུང་དྲང་ཞིག་ཡིན་པ་མཐོང་བའི་ཕྱིར༌རོ།། 2ཁྱོད་ཀྱིས་དུད་འགྲོ་གཙང་མའི་རིགས་རེ་རེ་ལས་ཕོ་མོ་ཆ་བདུན་རེ༌དང༌། དུད་འགྲོ་མི་གཙང་བའི་རིགས་རེ་རེ་ལས་ཕོ་མོ་ཆ་གཅིག༌རེ། 3བར་སྣང་དུ་འཕུར་བའི་འདབ་ཆགས་ཀྱི་རིགས་རེ་རེ་ལས་ཕོ་མོ་ཆ་བདུན་རེ་བཅས་ཁྱོད་དང་མཉམ་དུ་ཁྲིད༌ཅིག དེ་ནི་ས་གཞི་ཡོངས་སུ་རིགས་རྒྱུད་ཀྱི་ས་བོན་གསོན་པོར་གནས་པའི་ཕྱིར༌རོ།། 4རྒྱུ་མཚན་ནི་ད་ནས་ཉིན་བདུན་སོང་བ༌ན། བདག་གིས་ཉིན་ཞག་བཞི་བཅུའི་རིང་ལ་ས་སྟེང་དུ་ཆར་བ་འབབ་ཏུ་བཅུག༌སྟེ། བདག་གིས་བསྐྲུན་པའི་སྲོག་ལྡན་ཐམས་ཅད་ས་སྟེང་ནས་མེད་པར་བཟོ་བའི་ཕྱིར་ཡིན་ཞེས་གསུངས༌སོ།། 5ནོ་ཨས་ཀྱང་དཀོན་མཆོག་ཡ་ཝཱེས་ཇི་ལྟར་བཀའ་གནང་བ་བཞིན་དུ་བསྒྲུབས༌སོ།།
6དེ་ནས་ས་སྟེང་དུ་ཆུ་ལོག་བྱུང་བའི་སྐབས་སུ་ནོ་ཨ་དགུང་ལོ་དྲུག་བརྒྱ་ཡིན༌ལ། 7ནོ་ཨ་དང་རང་གི་ཆུང༌མ། བུ་དང་མནའ་མ་རྣམས་མཉམ་དུ་གྲུ་གཟིངས་ནང་དུ་སོང་ནས་ཆུ་ལོག་ལ་བྱོལ་བར༌བྱས། 8དཀོན་མཆོག་གིས་ནོ་ཨ་ལ་བཀའ་གནང་བ༌ལྟར། དུད་འགྲོ་གཙང་མི་གཙང༌དང༌། བྱ་རྣམས༌དང༌། ལྟོ་འགྲོ་དང་འབུ་སྲིན་ཐམས་ཅད༌ལས། 9ཕོ་མོ་ཆ་རེ་ཡོད་པ་ཐམས་ཅད་ནོ་ཨའི་མདུན་དུ་ཡོང་ནས་གྲུ་གཟིངས་ནང་ལ་ཞུགས། 10དེ་ནས་ཉིན་བདུན་གྱི་རྗེས་སུ་ས་སྟེང་དུ་ཆུ་ལོག་བྱུང༌ངོ༌།། 11ནོ་ཨ་དགུང་ལོ་དྲུག་བརྒྱ་ལོན་པའི་ཟླ་གཉིས་པའི་ཚེས་བཅུ་བདུན༌ཉིན། རྒྱ་མཚོའི་གཏིང་འོག་གི་ཆུ་མིག་ཐམས་ཅད་བརྡོལ་ཞིང་ནམ་མཁའི་སྒེའུ་ཁུང་ཡང་ཕྱེས་པ་དང༌། 12ཉིན་ཞག་བཞི་བཅུའི་རིང་ལ་ས་སྟེང་དུ་ཆར་བ་ཆེན་པོ་བབས་པ་རེད།
13དེ་ཡང་ཉིན་དེ་ལ་ནོ་ཨ་དང་ཁོའི་བུ་ཤེམ༌དང༌། ཧཱམ། ཡ་ཕེད་བཅས༌དང༌། ཁོའི་ཆུང་མ་དང་མནའ་མ་གསུམ་པོ་དང་བཅས་པ་ཐམས་ཅད་གྲུ་གཟིངས་ནང་དུ་སོང༌ངོ༌།། 14ཁོ་རྣམས༌དང༌། དུད༌འགྲོ། ཕྱུགས༌ཟོག ས་སྟེང་གི་ལྟོ་འགྲོ་དང་འབུ་སྲིན་ཐམས་ཅད༌དང༌། འདབ་ཆགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རང་རང་གི་རིགས་བཞིན་དུ་ཚང་མ་གྲུ་གཟིངས་ནང་དུ༌སོང༌། 15དེ་ལྟར་སྲོག་དང་ལྡན་པ་ཐམས་ཅད་ལས་ཆ་རེ་བཞིན་ནོ་ཨའི་མདུན་དུ་ཡོང་ནས་གྲུ་གཟིངས་ནང་ལ་ཞུགས། 16དཀོན་མཆོག་གིས་ནོ་ཨ་ལ་བཀའ་གནང་བ་བཞིན་སྲོག་ཆགས་ཕོ་མོ་ཆ་རེ་བཞིན་གྲུ་གཟིངས་ནང་དུ་སོང་བ༌དང༌། ཁོང་གིས་ནོ་ཨའི་རྒྱབ་ཏུ་གྲུ་གཟིངས་ཀྱི་སྒོ་བརྒྱབ༌པའོ།།
17དེ་ཡང་ཉིན་བཞི་བཅུའི་རིང་ལ་ས་སྟེང་དུ་ཆུ་ལོག་བྱུང་སྟེ་ཆུ་རྒྱས་ནས་གྲུ་གཟིངས་ཀྱང་ཡར་བཏེགས༌སོ།། 18ཆུ་ཤུགས་ཆེན་པོར་གྱུར་ཏེ་ས་སྟེང་དུ་ཆུ་ཆེན་པོ་རྒྱས་པས་གྲུ་གཟིངས་ནི་ཆུའི་ངོས་སུ་ཕར་གཡོ་ཚུར་གཡོ་བྱུང༌ངོ༌།། 19དེ་ནས་ས་སྟེང་དུ་ཆུ་ཆེར་རྒྱས་པས་གནམ་འོག་གི་རི་མཐོན་པོ་ཐམས་ཅད་བསྣུབས༌ཤིང༌། 20ཆུ་རྒྱས་པ་ནི་རི་བོ་ལས་ཁྲུ་བཅོ་ལྔས་མཐོ་བས་རི་ལུང་ཐམས་ཅད་བསྣུབས༌སོ།། 21ས་སྟེང་དུ་ཡོད་པའི་སྲོག་ལྡན༌ཏེ། འདབ་ཆགས༌དང༌། ཕྱུགས༌ཟོག རི༌དྭགས། ལྟོ་འགྲོ་དང་འབུ་སྲིན་དང་མིའི་རིགས་དང་བཅས་པ་ཐམས་ཅད་འཆི་བར་གྱུར༌ཏོ།། 22དེ་ཡང་སྐམ་སའི་སྟེང་གི་དབུགས་དང་ལྡན་པའི་སྲོག་ལྡན་ཐམས་ཅད་འཆི་བར་གྱུར་པ༌དང༌། 23གྲུ་གཟིངས་ཀྱི་ནང་དུ་ནོ་ཨ་དང་མཉམ་དུ་ཡོད་པ་དག་ལས༌གཞན། ས་སྟེང་གི་སྲོག་དང་ལྡན་པ༌སྟེ། མིའི་རིགས༌དང༌། དུད་འགྲོ་དང་ལྟོ་འགྲོ་འབུ༌སྲིན། ནམ་མཁའི་བྱ་དང་བཅས་པ་ཐམས་ཅད་ས་སྟེང་ནས་མེད་པར་གྱུར༌ཏོ།། 24དེ་ལྟར་ས་སྟེང་དུ་ཆུ་ལོག་ཆེན་པོ་རྒྱས་ཏེ་བསྡོམས་པས་ཉིན་བརྒྱ་དང་ལྔ་བཅུ་སོང་ངོ་། །

Märk

Dela

Kopiera

None

Vill du ha dina höjdpunkter sparade på alla dina enheter? Registrera dig eller logga in