Logotip YouVersion
Search Icon

བཀོད་པ། 8

8
ལེའུ་བརྒྱད༌པ།
ཆུ་བྲི༌བ།
1དེ་ཡང་དཀོན་མཆོག་གིས་ནོ་ཨ་དང་ཁོའི་གྲུ་གཟིངས་ནང་གི་སྲོག་ལྡན་ཐམས་ཅད་ཐུགས་ལ་དགོངས༌ཏེ། ས་རུ་རླུང་གཡུག་ཏུ་བཅུག་པས་ཆུ་རིམ་གྱིས་བྲི་བར༌གྱུར། 2དེ་ནས་རྒྱ་མཚོའི་གཏིང་འོག་གི་ཆུ་མིག་དང་ནམ་མཁའི་དཀར་ཁུང་བཅད་དེ་ཆར་བའང་འབབ་མཚམས་བཞག༌གོ ། 3ས་གཞིའི་སྟེང་དུ་ཆུ་ལོག་བྱུང་བ་ནས་ཉིན་བརྒྱ་དང་ལྔ་བཅུ་འགོར་རྗེས་ཆུ་རིམ་གྱིས༌བྲིའོ།། 4ཟླ་བདུན་པའི་ཚེས་བཅུ་བདུན་ཉིན༌ལ། གྲུ་གཟིངས་དེ་རི་རྒྱུད་ཨ་ར་རད་#རི་རྒྱུད་ཨ་ར་རད་ཅེས་པ་ནི་དེང་སང་ཡ་གླིང་ནུབ་ཕྱོགས་ཀྱི་ཐུར་ཁེ་ཞེས་པའི་རྒྱལ་ཁུངས་སུ༌ཡོད།ཅེས་པ་དེའི་སྟེང་དུ་བསྡད་པ༌རེད། 5ཡང་ཆུ་རིམ་གྱིས་བྲི་ཞིང་ཟླ་བཅུ་པའི་ཚེས་གཅིག་ཉིན༌ལ། རི་རྩེ་གཞན་དག་ཀྱང་ཕྱིར་མངོན་པར་གྱུར༌ཏོ།།
6དེ་ནས་ཉིན་བཞི་བཅུ་འགོར་བ༌ན། ནོ་ཨས་དེ་སྔར་བཟོས་པའི་གྲུ་གཟིངས་ཀྱི་སྒེའུ་ཁུང་ཕྱེས་ཏེ། 7བྱ་ཕོ་རོག་ཅིག་ཕྱིར་བཏང་བ༌དང༌། ས་སྟེང་གི་ཆུ་བྲི་བའི་བར་དུ་ཕོ་རོག་ཕར་ཚུར་འཕུར་བསྐྱོད་བྱས་པ༌རེད། 8ཡང་ཁོས་ཕུག་རོན་ཅིག་ཕྱིར་བཏང་ནས་ཆུ་ས་སྟེང་ནས་བྲི་མིན་ལ་བལྟས༌ཀྱང༌། 9ས་གཞི་ཡོངས་ལ་ད་དུང་ཆུས་བཀང་ཡོད་པས་ཕུག་རོན་ས་ལ་འབབ་ས་མེད་པར་ཕྱིར་གྲུ་གཟིངས་ཀྱི་ཕྱོགས་སུ་ནོ་ཨའི་རྩར་འཕུར་འོངས་པ༌དང༌། ཁོས་ལག་པ་བརྐྱངས་ནས་ཕུག་རོན་གྲུ་གཟིངས་ཀྱི་ནང་དུ་བླངས༌སོ།། 10ཡང་ཉིན་བདུན་ལ་བསྒུགས༌རྗེས། ནོ་ཨས་སླར་ཡང་ཕུག་རོན་དེ་གྲུ་ལས་བཏང་བ༌ལ། 11ས་རུབ་རྗེས་ཕུག་རོན་གྱི་མཆུ་ཏོར་སྐྱུ་རུ་རའི་ལོ་མ་གསར་པ་ཞིག་བཟུང་ནས་ཕྱིར་ཡོང༌བས། ནོ་ཨས་ས་སྟེང་གི་ཆུ་བྲི་སོང་བ་ཤེས༌སོ།། 12ཡང་ཉིན་བདུན་ལ་བསྒུགས༌རྗེས། ནོ་ཨས་ཕུག་རོན་དེ་གྲུ་ལས་བཏང་བ་ལ་ཕུག་རོན་ཕྱིར་མ་ལོག༌གོ །
13དེ་ནས་ནོ་ཨ་ལོ་དྲུག་བརྒྱ་དང་གཅིག་ལོན་པའི་ཟླ་དང་པོའི་ཚེས་གཅིག༌ཉིན། ས་སྟེང་གི་ཆུ་ཐམས་ཅད་བྲི༌ཞིང༌། ནོ་ཨས་གྲུ་གཟིངས་ཀྱི་དཀར་ཁུང་ཕྱེས་ནས་བལྟས་པ་ན་ས་ངོས་སྐམ་འདུག་པ༌མཐོང༌། 14ཟླ་གཉིས་པའི་ཚེས་ཉེར་བདུན༌ཉིན་ས་གཞི་ཡོངས་སུ་སྐམ་པར་གྱུར༌ཏོ།།
15དེ་ནས་དཀོན་མཆོག་གིས་ནོ་ཨ་ལ་འདི་སྐད༌དུ། 16ཁྱོད་དང་ཁྱོད་ཀྱི་ཆུང་མ༌དང༌། བུ་དང་མནའ་མ་ཐམས་ཅད་གྲུ་གཟིངས་ལས་བོབས༌དང༌། 17ཁྱོད་དང་མཉམ་དུ་ཡོད་པའི་སྲོག་ལྡན་ཐམས་ཅད༌དེ། འདབ་ཆགས༌དང༌། དུད༌འགྲོ། ལྟོ་འགྲོ་དང་འབུ་སྲིན་མཐའ་དག་ཕྱི་རོལ་ཏུ་ཁྲིད༌ཅིག ཅིའི་ཕྱིར་ཞེ༌ན། དེ་རྣམས་ས་སྟེང་དུ་ཧ་ཅང་མང་དུ་འབྱུང་བ༌དང༌། རྒྱུད་དང་ལྡན་པར་གྱུར་ནས་མང་པོར་འཕེལ་བར་འགྱུར་བའི་ཕྱིར་ཡིན་ཞེས་གསུངས༌སོ།། 18དེ་ནས་ནོ་ཨ་དང་ཁོའི་ཆུང་མ༌དང༌། བུ་དང་མནའ་མ་བཅས་ཐམས་ཅད་ཕྱི་རོལ་ཏུ་ཐོན༌ཞིང༌། 19དུད་འགྲོ་ཐམས་ཅད༌དང༌། ལྟོ་འགྲོ་འབུ༌སྲིན། འདབ༌ཆགས། ས་སྟེང་དུ་རྒྱུ་བའི་སྲོག་ཆགས་ཐམས་ཅད་ཀྱང་རང་རང་གི་རིགས་བཞིན་དུ་གྲུ་གཟིངས་ལས་ཕྱིར་བུད༌དོ།།
ནོ་ཨས་མཆོད་ཁྲི་བཞེངས༌པ།
20དེ་ནས་ནོ་ཨས་དཀོན་མཆོག་ཡ་ཝཱེ་ལ་མཆོད་ཁྲི་ཞིག་བཞེངས༌ཤིང༌། ཕྱུགས་ཟོག་དང་འདབ་ཆགས་ལས་སྲོག་ལྡན་གཙང་མ་འགའ་ཤས་མཆོད་ཁྲིའི་སྟེང་སྦྱིན་སྲེག་ཏུ་ཕུལ༌ཏོ།། 21དཀོན་མཆོག་ཡ་ཝཱེས་དྲི་བསུང་ཞིམ་པོ་འཐུལ་འོང་བ་བསྣམས༌ཏེ། ཁོང་གི་ཐུགས༌ལ། མིའི་རིགས་ནི་ལོ་ན་གཞོན་པའི་དུས་ནས་ངན་སེམས་བཅངས་ཡོད༌ནའང༌། དེང་ཕྱིན་བདག་གིས་མིའི་རྐྱེན་ལ་བརྟེན་ནས་ས་གཞིར་དམོད་པ་མི༌བྱའོ། །ད་ལྟ་བྱས་པ་བཞིན་དུ་སྲོག་དང་ལྡན་པ་རྣམས་བརླག་པར་ཡང་མི༌བྱའོ།། 22ས་གཞི་གནས་པའི་དུས༌སུ། ས་བོན་འདེབས་པ་དང་སྟོན་བསྡུ༌བ། གྲང་ངར་དང་ཚ༌བ། དབྱར་དང༌དགུན། ཉིན་མོ་དང་མཚན་མོའི་རྒྱུན་ནི་ནམ་ཡང་གཅོད་པར་མི་བྱ་བར་དགོངས༌སོ།།

Currently Selected:

བཀོད་པ། 8: NTB

Označeno

Share

Copy

None

Want to have your highlights saved across all your devices? Sign up or sign in