9
ལེའུ་དགུ༌པ།
དཀོན་མཆོག་གིས་ནོ་ཨ་ལ་ཞལ་ཆད་བཞག༌པ།
1དེ་ནས་དཀོན་མཆོག་གིས་ནོ་ཨ་དང་ཁོའི་བུ་རྣམས་ལ་བྱིན་གྱིས་བརླབས་ཏེ་འདི་སྐད༌དུ། ཁྱོད་རྣམས་ཀྱིས་རྒྱུད་དང་ལྡན་པར་གྱུར་ནས་མང་དུ་སྤེལ་ཏེ་ས་གཞིར་གང་བར་གྱིས༌ཤིག 2བདག་གིས་ས་སྟེང་དུ་རྒྱུ་བའི་དུད་འགྲོ༌དང༌། ནམ་མཁའི༌བྱ། ས་སྟེང་གི་ལྟོ་འགྲོ་དང་འབུ་སྲིན་དང་རྒྱ་མཚོའི་ཉ་ཐམས་ཅད་ཁྱོད་ཅག་ལ་དབང་བར་བྱས༌ཤིང༌། དེ་རྣམས་ཁྱོད་ཅག་ལ་འཇིགས་ཤིང་སྐྲག་པར་གྱུར༌ཅིག 3སྲོག་ཆགས་ཐམས་ཅད་ཁྱོད་རྣམས་ཀྱིས་ཟས་སུ་བྱོས༌དང༌། འདི་ཐམས་ཅད་ནི་སྔོན་ལ་སྔོ་ཚལ་སྤྲད་པ་བཞིན་དུ་བདག་གིས་ཁྱོད་ཅག་ལ་སྦྱིན་པ་ཡིན༌ནོ།། 4འོན་ཀྱང་ཤ་ལ་ཁྲག་འདྲེས་པ་ནི་དེ་དག་གི་ཚེ་སྲོག་ཡིན་པས་བཟའ་མི་རུང༌ངོ༌།། 5ཁྱོད་ཅག་ལ་ཁྲག་བཞུར་བར་བྱེད༌ན། བདག་གིས་དེ་ལས་སྐྱིན་ཚབ་ལེན་པ༌དང༌། གཅན་གཟན་གང་གིས་ཁྱོད་རྣམས་ཀྱི་སྲོག་བཅད༌ན། བདག་གིས་དེ་ལས་སྐྱིན་ཚབ་ལེན་པར༌ངེས། ལག་དམར་སུ་ཡིན་ཡང་དེ་ལས་རང་གི་སྤུན་ཟླའི་ཚེ་སྲོག་གི་སྐྱིན་ཚབ་ཏུ་དེའི་ཚེ་སྲོག་ཀྱང་ལེན་དགོས༌སོ།། 6ཡང་སུ་ཞིག་གིས་མི་བསད༌ན། ལག་དམར་དེའི་སྲོག་ཀྱང་མི་གཞན་གྱིས་ལེན་དགོས༌སོ། །ཅིའི་ཕྱིར་ཞེ༌ན། དཀོན་མཆོག་གིས་མིའི་རིགས་བསྐྲུན་པ་ནི་རང་གི་སྣང་བརྙན་ལྟར་བསྐྲུན་པའི་ཕྱིར༌རོ།། 7ཡང་ཁྱོད་རྣམས་ཀྱིས་རྒྱུད་དང་ལྡན་པར་གྱུར་ནས་མང་དུ་སྤེལ་ཏེ་ས་སྟེང་དུ་དར་ཞིང་རྒྱས་པར་གྱིས་ཞེས་གསུངས༌སོ།།
8དེ་ནས་ཡང་དཀོན་མཆོག་གིས་ནོ་ཨ་དང་ཁོའི་བུ་རྣམས་ལ་འདི་སྐད༌དུ། 9ལྟོས༌དང༌། བདག་གིས་ཁྱོད་དང་ཁྱོད་ཅག་གི་མི་རབས་ཕྱི་མ་རྣམས་ལ་ཁ་ཆད་འཇོག་པ༌དང༌། 10ཁྱོད་ཅག་དང་མཉམ་དུ་ཡོད་པའི་སྲོག་ཆགས་ཐམས་ཅད༌དེ། འདབ་ཆགས༌དང༌། ཕྱུགས་ཟོག་དང་རི་དྭགས་ཐམས༌ཅད། གྲུ་གཟིངས་ལས་ཕྱིར་འོངས་པའི་སྲོག་ལྡན་ཐམས་ཅད་ལའང་ཁ་ཆད་འཇོག་པ༌དང༌། 11བདག་དང་ཁྱོད་རྣམས་ཀྱི་བར་དུ་ཁ་ཆད་འཇོག༌སྟེ། དུས་ད་ནས༌བཟུང༌། སྲོག་དང་ལྡན་པ་ཐམས་ཅད་ཆུ་ལོག་གིས་བསྣུབ་པར་མི་བྱེད་པ༌དང༌། ས་གཞིའང་ཆུ་ལོག་གིས་བསྣུབ་པར་མི་བྱ་ཞེས་གསུངས༌སོ།།
12ཡང་དཀོན་མཆོག་གིས་འདི་སྐད༌དུ། བདག་གིས་ཁྱོད་དང་ཁྱོད་ཅག་དང་མཉམ་དུ་ཡོད་པའི་སྲོག་ཆགས་ཐམས་ཅད༌དང༌། མི་རབས་ཕྱི་མ་ཐམས་ཅད་ལ་ཁ་ཆད་ཀྱི་རྟགས་ཤིག་བཀོད་ཡོད༌དེ། 13བདག་གིས་འཇའ་ཚོན་ནི་སྤྲིན་ཕུང་ནང་དུ་བཞག༌ཅིང༌། དེ་ནི་བདག་དང་ས་གཞིའི་བར་དུ་ཁ་ཆད་བཞག་པའི་རྟགས་སུ་བྱས་པ༌ཡིན། 14ཕྱིས་སུ་སྤྲིན་ཕུང་གིས་ས་གཞི་ཡོངས་སུ་བསྒྲིབས་པའི་དུས༌སུ། བདག་གིས་སྤྲིན་ཕུང་ལས་འཇའ་ཚོན་མཐོང་བར༌འགྱུར། 15དེས་ན་བདག་གིས་ཁྱོད་ཅག་དང་སྲོག་ལྡན་ཐམས་ཅད་ཀྱི་བར་དུ་བཞག་པའི་ཁ་ཆད་དྲན་པར་འགྱུར་ཞིང་ཆུ་ཡང་བསྐྱར་རྒྱས་ནས་ས་གཞིའི་སྟེང་གི་སྲོག་དང་ལྡན་པ་ཐམས་ཅད་མེད་པར་མི་བྱེད༌དོ།། 16འཇའ་ཚོན་ནི་སྤྲིན་གྱི་ནང་དུ་འཆར་ངེས་པ་དང་བདག་གིས་དེ་མཐོང་བ༌ན། བདག་གིས་སྲོག་དང་ལྡན་པ་ཐམས་ཅད་ཀྱི་བར་དུ་བཞག་པའི་དུས་གཏན་གྱི་ཁ་ཆད་དེ་དྲན་པར་ངེས་ཞེས་གསུངས༌སོ།། 17དེ་ནས་ཡང་དཀོན་མཆོག་གིས་ནོ་ཨ་ལ་འདི་སྐད༌དུ། འདི་ནི་བདག་གིས་ས་གཞིའི་སྟེང་གི་སྲོག་དང་ལྡན་པ་ཐམས་ཅད་ལ་ཁ་ཆད་བཞག་པའི་རྟགས་ཡིན་ཞེས་གསུངས༌སོ།།
ནོ་ཨའི་བུ༌རྒྱུད།
18དེ་ནས་གྲུ་གཟིངས་ལས་ཕྱིར་བུད་པའི་ནོ་ཨའི་བུ་ནི་ཤེམ་དང་ཧཱམ་དང་ཡ་ཕེད་གསུམ་ཡིན༌ལ། ཧཱམ་ནི་ཀ་ན་ཨན་གྱི་ཕ་ཡིན༌ནོ།། 19འདི་གསུམ་པོ་ནི་ནོ་ཨའི་བུ་ཡིན༌ལ། ཁོ་ཚོའི་རིགས་རྒྱུད་ས་གཞི་ཡོངས་སུ་ཁྱབ་པ་ཡིན༌ནོ།། 20དེ་ཡང་ནོ་ཨ་ཡིས་ཞིང་ལས་བྱེད་འགོ་བརྩམས༌ཏེ། ཁོས་རྒུན་འབྲུམ་ར་བ་ཞིག༌བཙུགས། 21ཁོས་རྒུན་ཆང་བཏུང་བ་དང་བཟི་བར་གྱུར་ཏེ་སྦྲ་གུར་ནང་དུ་ལུས་གཅེར་བུར་བསྡད་པ༌ལ། 22ཀ་ན་ཨན་གྱི་ཕ་ཧཱམ་གྱིས་ཁོའི་ཕ་ལུས་གཅེར་བུར་སྡོད་པ་མཐོང༌སྟེ། ཕྱི་རུ་སོང་ནས་ཁོའི་སྤུན་གཉིས་ལ་སྨྲས་པ༌རེད། 23དེ་ནས་ཤེམ་དང་ཡ་ཕེད་གཉིས་ཀྱིས་རང་གི་ཕྲག་པར་གྱོན་གོས་བཀལ་ནས་ཕྱི་ནུར་གྱིས་གུར་ནང་དུ་སོང་སྟེ་ཕ་ཡི་ལུས་ལ་བཀབ༌བོ། །སྐབས་དེར་ཁོ་གཉིས་ཀྱིས་ཁ་རྒྱབ་ལ་གཏད་དེ་ཕྱི་ནུར་བྱས་ནས་སོང་ཞིང་དེ་ནི་ཕ་གཅེར་བུ་ཡིན་པ་མི་མཐོང་བའི་ཕྱིར༌རོ།།
24དེ་ནས་ནོ་ཨ་བཟི་དྭངས་པར་གྱུར་པ༌དང༌། བུ་ཆུང་བ་ཧཱམ་གྱིས་ཁོ་ལ་ལས་ཅི་བྱས་པ་ཤེས༌ཏེ། 25ཁོ་ན༌རེ། ཀ་ན་ཨན་ལ་དམོད་པ་འཕོག་ཅིང་ཁོའི་སྤུན་གྱི་གཡོག་པོ་རྣམས་ཀྱི་གཡོག་པོ་བྱེད་པར་གྱུར་ཅིག་ཅེས་སྨྲས༌སོ།། 26ཡང་ཁོ་ན༌རེ། ཤེམ་གྱི་དཀོན་མཆོག་ཡ་ཝཱེ་ལ་བསྟོད་ཅིང་བསྔགས་པར༌གྱིས། ཀ་ན་ཨན་ནི་ཁོའི་གཡོག་པོར་འགྱུར་བར༌སྨོན། 27དཀོན་མཆོག་གིས་ཡ་ཕེད་ཀྱི་རིགས་རྒྱུད་དར་ཞིང་རྒྱས་པར་མཛོད༌ཅིག ཡ་ཕེད་ནི་ཤེམ་གྱི་སྦྲ་གུར་ནང་དུ་སྡོད་པར་གྱུར༌ཅིག ཡང་ཀ་ན་ཨན་ནི་ཡ་ཕེད་ཀྱི་གཡོག་པོར་གྱུར་ཅིག་ཅེས་སྨྲས༌སོ།།
28ཆུ་ལོག་བྱུང་བའི་རྗེས༌སུ། ནོ་ཨ་ཡང་ལོ་སུམ་བརྒྱ་དང་ལྔ་བཅུར་བཞུགས་པ༌རེད། 29ནོ་ཨ་བསྡོམས་པས་ལོ་དགུ་བརྒྱ་དང་ལྔ་བཅུར་བཞུགས་རྗེས་ཚེ་ལས་འདས༌སོ།།