མར་ཀུ། 10
10
ལེའུ་བཅུ་པ།
ནང་ཚང་གི་སྐོར་ལེ།
1དེ་ནས་ཡེ་ཤུ་ཀ་ཕར་ན་ཧུམ་ནས་ཐོན་ཏེ། ཡོར་དན་གཙང་པོའི་ཕར་ཀན་གྱི་ཡ་ཧུ་དཱ་ལུང་པ་ལེ་ཕེབས་པི་དིང་། མི་ཚོགས་མང་པོ་ཞིག་ཁོང་གི་མདུན་དུ་འཛོམས་འོང་ཕེན། ཁོང་གིས་ནམ་རྒྱུན་ཅོག་འདྲ་མི་ཚོགས་དེ་ཀྱ་ལེ་ཆོས་གསུངས་པི་དིག 2ཡིན་ནའང་། ཕཱ་རུ་ཤི་པ་ཀྱ་ཀྱིས་ཁོང་ལེ་ཉམས་ཚོད་ལེན་རྒྱུ་ཆེད་དུ་ཁོང་འོད་ས་ལེ་འོངས་ཏེ། སྐྱེས་པ་ཞིག་གིས་རང་གི་བུད་མེད་དིང་ཁ་བྲལ་ལི་ཡིན་ནི། ཆོས་ཁྲིམས་ནང་ལེ་དེ་མཐུན་གྱོ་འོད་དིག་གས་ཟིན་དྲིས་ཕེན། 3ཁོང་གིས་མི་དེ་ཀྱ་ལེ། ལུང་སྟོན་པ་མོ་ཤེས་ཁྱེད་ཀྱ་ལེ་བཀའ་ཅི་གནང་བྱུང་ཟིན་དྲིས་ཏེ། 4ཁོང་ཀྱ་ཀྱིས་མོ་ཤེས་ཉེད་ཀྱ་ལེ་ནང་ཚང་ཁ་བྲལ་གྱི་ཡི་གེ་བྲིས་ཏེ། རང་གི་བུད་མེད་དིང་ཁ་བྲལ་ཆོག་འོད་དིག་ཟིན་བཀའ་ཁྲིམས་གནང་བྱུང་ཟིན་ཞུས་ཕེན། 5ཡེ་ཤུས་ཁྱེད་ཀྱ་ཀྱི་སེམས་གྱོང་པོ་འོད་ཕེན་མོ་ཤེས་བཀའ་ཁྲིམས་འོ་འདི་གི་བྲིས་པི་དིག 6ཡིན་ནའང་། འཇིག་རྟེན་འདི་དང་པོ་བཀོད་རྒྱ། དཀོན་མཆོག་གིས་ཕོ་མོ་གཉིས་བཟོས་གནང་པི་དིག 7འོ་དེ་ལེ་བརྟེན་ཏེ། སྐྱེས་པ་ནི་རང་གི་ཕ་མ་དིང་ཁ་བྲལ་ཏེ་རང་གི་བུད་མེད་དིང་སྐྱེན་ལེ་སྡོད་གྱོ་འོད་དིག 8ཁོང་གཉིས་ལུས་གཅིག་བྱུང་ཕེན། ད་ཁོང་གཉིས་པོ་ནི། ལུས་པོ་གཉིས་མ་དིག ལུས་པོ་གཅིག་ཡིན་དིག 9ཡང་དེ་མ་ཟད། དཀོན་མཆོག་གིས་སྒྲིགས་པའི་ནང་ཚང་དེ་མི་སུ་ཞིག་གིས་ཟང་ཁ་གཏོར་མི་ཆོག་འོད་དིག་ཟིན་གསུངས་པི་དིག 10དེ་ནས་ཁོང་དིང་སློབ་མ་ཀྱ་ཁྱིམ་ནང་ལེ་འཛུལ་ལི་རྗེས་ལེ། སློབ་མ་ཀྱ་ཀྱིས་ཁོང་ལེ། ཁྱེད་ཀྱིས་གསུངས་པའི་དོན་དེ་ཅི་ཡིན་གོ་ཟིན་དྲིས་ཕེན། 11ཁོང་གིས་སྐྱེས་པ་སུ་ཞིག་གིས་རང་གི་བུད་མེད་དིང་ཁ་བྲལ་ཏེ། བུད་མེད་གཞན་མ་ཞིག་བླངས་ནི། དེ་བྱི་བོ་བྱས་པི་ཡིན་དིག 12ཡང་བུད་མེད་སུ་ཞིག་གིས་རང་གི་ཁྱོག་ག་དིང་ཁ་བྲལ་ཏེ། སྐྱེས་པ་གཞན་མ་ཞིག་བླངས་ནི། དེ་བྱི་མོ་བྱས་པི་དིག་ཟིན་གསུངས་པི་དིག
ཡེ་ཤུས་ཕྲུ་གུ་ལེ་བྱིན་གྱིས་བརླབས་པ།
13དེ་ནས་མི་ཀྱ་ཀྱིས་རང་གི་ཕྲུ་གུ་ཁ་ཤས་ཁོང་ལེ་ཕྱག་དབང་ཞུ་རྒྱུ་ཆེད་དུ། ཁོང་གི་དྲུང་དུ་འཁྲིད་འོང་འོད་དིག ཡིན་ནའང་། སློབ་མ་ཀྱ་ཀྱིས་ཕྲུ་གུ་འཁྲིད་འོང་མཁན་ཀྱ་ལེ་འཁྲུག་པ་བརྩལ་ཕེན། 14ཡེ་ཤུས་གནས་ཚུལ་ཅི་བྱུང་བ་དེ་ལེ་གཟིགས་ཕེན། ཁོང་གིས་རང་གི་སློབ་མ་ཀྱ་ལེ་ཞེ་སྡང་ལངས་ཏེ། ཕྲུ་གུ་དེ་ཀྱ་མ་འགེག་ཅིག ངའི་དྲུང་དུ་འོང་དུ་ཆུག དཀོན་མཆོག་གི་རྒྱལ་ཁབ་ནི། ཕྲུ་གུ་འདི་ཀྱ་ཅོག་འདྲ་ཡིན་མཁན་མི་ཀྱ་ཀྱི་ཆེད་དུ་ཡིན་དིག 15ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མི་སུ་ཞིག་གིས་དཀོན་མཆོག་གི་རྒྱལ་ཁབ་ནི། ཕྲུ་གུ་ཅོག་འདྲ་བྱས་ཏེ་ཁས་ལེན་མ་བྱས་པི་ཡིན་ནི། མི་དེ་དཀོན་མཆོག་གི་རྒྱལ་ཁབ་ནང་ལེ་འགྲོ་མི་ཐུབ་འོད་དིག་ཟིན་གསུངས་ཏེ། 16ཁོང་གིས་ཕྲུ་གུ་དེ་ཀྱ་རང་གི་པང་ལེ་བསྣམས་ཏེ་བྱིན་གྱིས་བརླབས་པི་དིག
གཞོན་ནུ་ཕྱུག་པོ་ཞིག་ལེ་ཆོས་གསུངས་པ།
17དེ་ནས་ཡེ་ཤུ་དིང་སློབ་མ་ཀྱ་ལམ་ལེ་ཕེབས་འགྲོ་རྒྱ། མི་ཞིག་རྒྱུགས་འོངས་ཏེ། ཁོང་གི་མདུན་དུ་པུས་མོ་ས་ལེ་བཙུགས་ཏེ། སློབ་དཔོན་བཟང་པོའོ། ང་ལེ་མཐའ་མེད་པའི་ཚེ་དེ་འཐོབ་རྒྱུ་ཆེད་དུ། ངས་ཅི་ཞིག་བགྱིད་དགོས་འོད་དིག་གོ་ཟིན་ཞུས་ཕེན། 18ཡེ་ཤུས་གཞོན་ནུ་ཁོ་ལེ། ཁྱོད་ཀྱིས་ཅི་ལེ་ང་ལེ་བཟང་པོ་ཟེར་རི་ཡིན་དོ། དཀོན་མཆོག་པ་རྐྱང་མ་གཏོགས་བཟང་པོ་སུ་གཅིག་ཟང་མེད་དིག 19མིའི་སྲོག་མ་གཅོད། བྱི་བོ་མ་བགྱིད། རྐུན་མ་མ་རྐུ། རྫུན་གྱི་དཔང་པོ་མ་བགྱིད། མི་ལེ་མགོ་སྐོར་མ་གཏོང་། རང་གི་ཕ་མ་ལེ་བརྩི་བཀུར་གྱིས་ཤིག་ཟིན་བྲིས་པའི་ཆོས་ཁྲིམས་དེ་ཀྱ་ནི། ཁྱོད་ཀྱིས་ཧ་གོ་གོ་བ་ཡིན་དིག་ཟིན་གསུངས་པི་དིག 20ཡང་ཁོས་ཡེ་ཤུ་ལེ། སློབ་དཔོན། ཆོས་ཁྲིམས་འདི་ཡེ་རེ་ནི། ངས་ན་སོ་ཆུང་མ་ནས་ཕེན་བསྲུངས་པི་ཡིན་ཟིན་ཞུས་པི་དིག 21ཡང་ཡེ་ཤུས་ཁོ་ལེ་གཟིགས་ཏེ། བྱམས་སྙིང་རྗེ་ངང་ནས། ཁྱོད་ལེ་ད་རུང་ཟང་དོན་གཅིག་མི་ཚང་འདུག ད་ཁྱོད་རང་ཕ་ལེ་ཕྱིན་ཏེ། རང་ལེ་ཅི་འོད་ཡོད་རྒྱུ་ནོར་དེ་ཀྱ་སྐྱོ་པོ་ཀྱ་ལེ་བྱིན་ཅིག དེ་ནས་ཁྱོད་ལེ་དཀོན་མཆོག་གི་ཞིང་ཁམས་རུ་རིན་ཆེན་ནོར་བའི་གཏེར་མཛོད་འཐོབ་ཀྱི་དིག ད་ཁྱོད་རང་ངའི་རྗེས་ལེ་འབྲོངས་ལེད་ཟིན་གསུངས་པི་དིག 22ཡིན་ནའང་། གཞོན་ནུ་ཁོ་ལེ་རྒྱུ་ནོར་མང་པོ་འོད་ཕེན་གསུང་དེ་ཐོས་ཏེ། ཁོའི་ངོ་མདངས་འགྱུར་རི་མ་ཟད། སེམས་སྐྱོ་པོའི་ངང་ནས་ཕ་ལེ་ལོག་བུད་དི་དིག 23དེ་ནས་ཡེ་ཤུས་རང་གི་མཐའ་བསྐོར་ལེ་གཟིགས་ཏེ། སློབ་མ་ཀྱ་ལེ། ཕྱུག་པོ་ཀྱ་དཀོན་མཆོག་གི་རྒྱལ་ཁབ་ནང་ལེ་འཛུལ་རྒྱུ་དེ་དཀའ་ལས་ཁག་པོ་འཇུ་གུ་ཡིན་དིག་ཟིན་གསུངས་ཕེན། 24སློབ་མ་ཀྱ་ཀྱིས་གསུང་དེ་ཐོས་ཏེ་ཧ་ལས་པི་དིག ཡིན་ནའང་། ཡེ་ཤུས་སློབ་མ་ཀྱ་ལེ། ངའི་ཕྲུ་གུ་ཁྱེད་ཀྱ། དཀོན་མཆོག་གི་རྒྱལ་ཁབ་ནང་ལེ་འཛུལ་རྒྱུ་དེ་དཀའ་ལས་ཁག་པོ་འཇུ་གུ་ཡིན་དིག 25མི་ཕྱུག་པོ་ཞིག་དཀོན་མཆོག་གི་རྒྱལ་ཁབ་ནང་ལེ་འཛུལ་ལི་ལས། རྔ་མོང་ཞིག་ཁབ་ཀྱི་མིག་ནང་ལེ་འཛུལ་རྒྱུ་དེ་ལས་སླ་འོད་དིག་ཟིན་གསུངས་ཕེན། 26སློབ་མ་ཀྱ་ཧ་ལས་ཆེན་པོས་ངང་ནས་ཡེ་ཤུ་ལེ། ད་མི་སུ་ལེ་ཐར་བ་འཐོབ་ཐུབ་རྒྱུ་ཟིན་དྲིས་པི་དིག 27ཡེ་ཤུས་སློབ་མ་ཀྱ་ལེ་གཟིགས་ཏེ། དེ་ནི་མི་ཀྱ་ཀྱིས་བགྱིད་མི་ནུས་འོད་ནའང་། དཀོན་མཆོག་གིས་ནུས་གྱོ་འོད་དིག དཀོན་མཆོག་གིས་ཡེ་རེ་མཛད་ཐུབ་སྲིད་གྱོ་འོད་དིག་ཟིན་གསུངས་པི་དིག 28དེ་ནས་པེ་ཏྲོ་ཁོས་ཡེ་ཤུ་ལེ། གཟིགས་དང་། ཉེད་ཀྱ་ཀྱིས་རང་ལེ་འོད་ཡོད་ཡེ་རེ་སྤངས་ཏེ། ཁྱེད་ཀྱི་རྗེས་ལེ་འབྲངས་པི་ཡིན་ཟིན་ཞུས་ཕེན། 29ཡེ་ཤུས་ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མི་སུ་ཞིག་གིས་ང་དིང་ངའི་གཏམ་བཟང་གི་དོན་ལེ། རང་གི་ཁྱིམ་ཚང་། ཕ་མ། སྤུན། བུ་ཕྲུག ས་ཞིང་ཡེ་རེ་རྒྱབ་ལེ་བོར་རི་ཡིན་ནི། 30མི་འདི་ལེ་ཚེ་འདི་རུ་ཁྱིམ་ཚང་། ཕ་མ། སྤུན། བུ་ཕྲུག ས་ཞིང་ལྡབ་བརྒྱ་འཐོབ་ཀྱི་དིག ཡང་མི་དེ་ལེ་མི་གཞན་གྱི་བརྒྱུད་ནས་གནོད་ཚེ་ཆེན་པོ་འབྱུང་ནའང་། མ་འོངས་པའི་དུས་ལེ་མི་དེ་ལེ་མཐའ་མེད་པའི་ཚེ་སྲོག་འཐོབ་ཀྱི་དིག 31ཡང་དང་པོ་ཡིན་མཁན་མང་པོ་ཞིག་མཐའ་མ་ལེ་ལུས་ཀྱི་དིག མཐའ་མ་ཡིན་མཁན་མང་པོ་ཞིག་དང་པོ་འོང་གྱི་དིག་ཟིན་གསུངས་པི་དིག
ཡེ་ཤུས་ཡང་དང་དགྲོང་རྒྱུ་ཡིན་དི་སྐོར་ལེ་ལན་མ་གསུམ་པ་ལུང་བསྟན་པ།
32དེ་ནས་ཡེ་ཤུ་དིང་སློབ་མ་ཀྱ་ཡེ་རུ་ས་གླིང་རྒྱལ་སའི་ལམ་སྟོད་བརྒྱུད་ནས་ཕེབས་འགྲོ་རྒྱ། ཁོང་རང་གོམ་རྒྱང་རིང་པོ་སྤོས་ཏེ་སྔོན་ལེ་ཕེབས་གནང་ཕེན། སློབ་མ་ཀྱ་ཧ་ལས་པི་མ་ཟད། ཁོང་གི་རྗེས་ལེ་འབྲངས་མཁན་མི་ཀྱ་ཟང་འཁྱར་སྣང་བྱུང་པི་དིག དེ་ནས་ཡང་ཁོང་གིས་སློབ་མ་བཅུ་གཉིས་ཀྱ་ཟུར་ཞིག་ལེ་ཁྲིད་གནང་སྟེ། རང་ལེ་ཅི་འོང་རྒྱུ་ཡིན་དི་སྐོར་གྱི་དོན་དེ་ཀྱ་ཁོང་ཀྱ་ལེ་གསུངས་པི་དིག 33ཡང་ཁོང་གིས། ལྟོས་དང་། ད་ལྟ་འུ་ཀྱ་ཡེ་རུ་ས་གླིང་གི་ལམ་སྟོད་བརྒྱུད་ནས་འགྲོ་འོད་དིག མིའི་བི་ས་འདི་མཆོད་པ་འབུལ་མཁན་གཙོ་བོ་ཀྱ་དིང་། ཆོས་ཁྲིམས་མཁས་པ་ཀྱ་ཀྱི་དབང་ལེ་གཏོད་ཀྱི་དིག ཡང་མི་དེ་ཀྱ་ཀྱིས་ཁོ་གསོད་རྒྱུ་སྐོར་ལེ་ཁྲིམས་ཐག་གཅོད་རྒྱུ་ཆེད་དུ། ཕྱི་མིའི་ལག་ལེ་གཏོད་དི་མ་ཟད། 34མི་དེ་ཀྱ་ཀྱིས་ཟང་ཁོང་རང་ལེ་ཁྲེལ་དགོད་རྒྱག་གི་དིང་། ངོ་གདོང་ལེ་མཐུ་རྒྱག་གི་དིང་། ཡང་ལྕག་ཚན་བཞུས་ཏེ་གསོད་ཀྱི་དིག ཡིན་ནའང་། ཉིན་གསུམ་གྱི་རྗེས་ལེ་ཁོང་རང་ཡང་དང་གསོན་པོ་ལང་འོང་གྱི་དིག་ཟིན་གསུངས་པི་དིག
ཡ་ཀོབ་དིང་ཡོ་ཧ་ནན་གྱི་ཞུ་བ།
35དེ་ནས་ཟེ་བད་ཡཱ་ཟེར་མཁན་གྱི་བི་ས་ཡ་ཀོབ་དིང་ཡོ་ཧ་ནན་ཁོ་གཉིས་ཡེ་ཤུ་དྲུང་དུ་འོངས་ཏེ། སློབ་དཔོན། ཉེད་གཉིས་ཀྱིས་ཁྱེད་ལེ་ཅི་ཞིག་ཞུས་པི་དེ་ལེ། ཁྱེད་ཀྱིས་མཛད་རོགས་གྱིས་ཟིན་ཞུས་ཕེན། 36ཁོང་གིས་ཁྱེད་གཉིས་ཀྱི་དོན་ལེ་ངས་ཅི་ཞིག་བགྱིད་དགོས་འདུག་གོ་ཟིན་གསུངས་པི་དིག 37ཡང་ཁོང་གཉིས་ཀྱིས་ཡེ་ཤུ་ལེ། ཁྱེད་ཀྱི་གཟི་བརྗིད་ཀྱི་ནང་དུ་ཉེད་གཉིས་ཟང་ཁྱེད་ཀྱི་གཡས་གཡོན་ལེ་སྡོད་དུ་འཇུག་རོགས་གནང་ཟིན་ཞུས་པི་དིག 38ཡིན་ནའང་། ཡེ་ཤུས་ཁོ་གཉིས་ལེ། ཁྱེད་གཉིས་ཀྱིས་ཅི་ཞུས་པའི་དོན་དེ་ཧ་མི་གོ་འོད་དིག ངས་འཐུང་དགོས་པའི་དཀའ་ངལ་གྱི་ཕོར་རུ་དེ། ཁྱེད་གཉིས་ཀྱིས་འཐུང་ནུས་རྒྱུ་འདུག་གས། ཡང་ངས་ལེན་དགོས་པའི་དཀའ་ངལ་གྱི་ཁྲུས་གསོལ་དེ། ཁྱེད་གཉིས་ཀྱིས་ལེན་ནུས་རྒྱུ་འདུག་གས་ཟིན་གསུངས་ཕེན།#10.38 ངས་འཐུང་དགོས་པའི་དཀའ་ངལ་གྱི་ཕོར་རུ་ཟེར་རི་དོན་དེ་ནི། ཁོང་རང་རྒྱང་ཤིང་ལྟག་ག་ལེ་གསོད་རྒྱུ་ཡིན་དི་དཀའ་ངལ་ཆེན་པོ་དེ་ལེ་ཟེར་རི་དིག ངས་ལེན་དགོས་པའི་དཀའ་ངལ་གྱི་ཁྲུས་གསོལ་ཟེར་རོ་དོན་དེ་ནི། དཔེའི་བརྒྱུད་ནས་གསུངས་གནང་པི་དིག 39ཁོ་གཉིས་ཀྱིས་ཟང་ཁོང་ལེ། ནུས་གྱོ་འོད་ཟིན་ཞུས་པི་དིག ཡང་ཡེ་ཤུས་ཁོ་གཉིས་ལེ། ངས་འཐུང་བའི་ཕོར་རུ་དེ་ཁྱེད་གཉིས་ཀྱིས་འཐུང་ནུས་ཀྱི་དིག ངས་ལེན་པའི་ཁྲུས་གསོལ་དེ་ཟང་ཁྱེད་གཉིས་ཀྱིས་ལེན་ནུས་ཀྱི་དིག 40ཡིན་ནའང་། ངའི་གཡས་དིང་གཡོན་ལེ་སྡོད་དུ་འཇུག་རྒྱུ་དབང་ཆ་དེ་ང་ལེ་མེད། དཀོན་མཆོག་གིས་མི་སུའི་ཆེད་དུ་གྲ་སྒྲིགས་བཟོས་གནང་འོད་ནི། འོ་དེ་ལེ་འཐོབ་ཀྱི་དིག་ཟིན་གསུངས་པི་དིག 41དེ་ནས་སློབ་མ་བཅུ་པོ་ཀྱ་ཀྱིས་ཟང་ལབ་དེ་ཐོས་པི་རྗེས་ལེ། ཡ་ཀོབ་དིང་ཡོ་ཧ་ནན་ཁོ་གཉིས་ལེ་ཞེ་སྡང་ལངས་པི་དིག 42དེ་ནས་ཡེ་ཤུས་སློབ་མ་ཀྱ་རང་གི་མདུན་དུ་ཤོད་སྨྲས་ཏེ། ཁྱེད་ཀྱ་ཀྱིས་ཡ་ཧུ་དཱ་པ་མིན་པའི་ཕྱི་མི་ཀྱ་ཀྱི་ནང་ནས་དཔོན་པོ་བྱུང་བའི་མི་ཀྱ་ཀྱིས་རང་གི་མི་རིགས་ཀྱ་ལེ་དབང་འཛིན་བགྱིད་འོད་དེ་ནི། ཁྱེད་ཀྱ་ཀྱིས་ཧ་གོ་འོད་དིག 43ཡིན་ནའང་། ཁྱེད་ཀྱ་རང་གི་ནང་ལེ་འོ་འདི་གི་ཅོག་འདྲ་མ་བགྱིད། གལ་སྲིད་ཁྱེད་ཀྱ་ཀྱི་ནང་ནས་མི་སུ་ཞིག་གཙོ་ཆེ་བ་འོང་འདོད་འོད་ནི། མི་དེས་ཁྱེད་ཀྱ་ལེ་ཞབས་ཕྱི་བགྱིད་དགོས་འོད་དིག 44ཡང་ཁྱེད་ཀྱ་ནང་ནས་མི་སུ་ཞིག་དང་པོ་འོང་འདོད་འོད་ནི། མི་དེས་མི་ཀུན་ལེ་ཚེ་གཡོག་བགྱིད་དགོས་འོད་དིག 45ཅི་ལེ་ཟེར་ནི། མིའི་བི་ས་ནི་འཇིག་རྟེན་རུ་མི་ཀྱ་ཀྱིས་རང་ལེ་ཞབས་ཕྱི་བགྱིད་དུ་འཇུག་རྒྱུ་ཆེད་དུ་འོངས་པི་མན། མི་གཞན་ལེ་ཞབས་ཕྱི་བགྱིད་དུ་འོངས་པི་མ་ཟད། རང་སྲོག་ཕུལ་ཏེ་མི་མང་པོ་ལེ་ཐར་པ་འཐོབ་རྒྱུ་ཆེད་དུ་འོངས་པི་དིག་ཟིན་གསུངས་པི་དིག
སྤྲང་པོ་ཞ་ར་ཞིག་གི་མིག་དྲག་ཏུ་བཅུག་པ།
46དེ་ནས་ཡང་ཡེ་ཤུ་དིང་སློབ་མ་ཀྱ་ཡེ་རུ་ཀོ་ཟེར་རི་རྒྱལ་ས་ལེ་སླེབས་ཕེན། ཁོང་གི་སློབ་མ་དིང་མི་ཚོགས་ཀྱ་རྒྱལ་ས་དེ་ནས་ཐོན་ཏེ་འགྲོ་རྒྱ། ཐི་མཱ་ཟི་ཟེར་མཁན་གྱི་བི་ས་པར་ཐི་མེ་ཟི་ཟེར་མཁན་ཞ་ར་དེ་ལམ་ལེ་སློང་མོ་སློང་གིན་བསྡད་འོད་དིག 47སློང་མཁན་ཁོས་ནཱ་ཙ་རེལ་ཡུལ་གྱི་ཡེ་ཤུ་ཕེབས་འོང་འདུག་ཟེར་རི་ལབ་ཐོས་ཕེན། ཁོས་རྒྱལ་པོ་དཱ་བིད་ཀྱི་རིགས་རྒྱུད་ཀྱི་སྲས་ཡེ་ཤུ། ང་ལེ་ཐུགས་རྗེ་གཟིགས་རོགས་ཟིན་སྐད་ཆེན་པོ་བརྒྱབ་སྟེ་ཞུ་བ་ཕུལ་ལི་དིག 48ཡང་མི་གཞན་གྱིས་ཁོ་ལེ། ཁ་ཚུམ་ཟིན་འཁྲུག་པ་བཙལ་ནའང་། ཞ་ར་ཁོས་འཛེན་སྐད་ཆེན་པོས་ངང་ནས་རྒྱལ་པོ་དཱ་བིད་ཀྱི་རིགས་རྒྱུ་སྲས། ང་ལེ་སྙིང་རྗེ་གཟིགས་རོགས་ཟིན་ཞུ་བ་ཕུལ་ལི་དིག 49དེ་ནས་ཡེ་ཤུས་ཕ་ལེ་ཕེབས་མ་གནང་སྟེ། ཁོ་ཚུར་ཁྲིད་ལེད་དང་ཟིན་གསུངས་ཕེན། སློབ་མ་ཀྱ་ཀྱིས་ཟང་ཞ་ར་ཁོ་འོད་ས་ལེ་ཕྱིན་ཏེ། ད་ཁྱོད་རང་དགའ་སྤྲོ་གྱིས། ཡར་ལེ་ལོངས་དང་། ཁོང་གིས་ཁྱོད་ལེ་ཤོག་ཟིན་འདུག་སྨྲས་ཕེན། 50ཁོས་རང་གི་ཁ་གྱོན་གཡུགས་ཏེ་མགྱོགས་པོ་ཡར་ལངས་ཏེ་ཡེ་ཤུའི་དྲུང་དུ་འོངས་པི་དིག 51ཡང་ཡེ་ཤུས་ཁོ་ལེ། ངས་ཁྱོད་ལེ་ཅི་བགྱིད་དགོས་འདུག་གོ་ཟིན་གསུངས་ཕེན། མི་ཞ་ར་ཁོས། སློབ་དཔོན། ངའི་མིག་འདི་མཐོང་རྒྱུ་འོད་ཡོད་ཞིག་བཟོ་རོགས་གནང་ཟིན་ཞུས་ཕེན། 52ཡེ་ཤུས་ཁོ་ལེ། ད་ཁྱོད་རང་ལོག་རྒྱུགས་ཤིག ཁྱོད་ཀྱི་དད་པས་ཁྱོད་རང་ལེ་དྲག་ཏུ་བཅུག་པི་དིག་ཟིན་གསུངས་ལོང་མེད། ཁོའི་མིག་མཐོང་རྒྱུ་འོད་ཡོད་བྱུང་སྟེ། ལམ་ཞུགས་ཏེ་ཡེ་ཤུའི་རྗེས་ལེ་འབྲངས་པི་དིག །
Currently Selected:
མར་ཀུ། 10: DLPO
Tya elembo
Kabola
Copy

Olingi kobomba makomi na yo wapi otye elembo na baapareyi na yo nyonso? Kota to mpe Komisa nkombo
© 2023 Wycliffe Bible Translators, Inc. All rights reserved.